གསལ་བཤད་རྩོམ་ཡིག 

༡ གསལ་བཤད་རྩོམ་ཡིག་གི་ཕན་ཡོན།

དེ་ཡང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགྲོས་དང་བསྟུན་ནས་མིའི་རིགས་ཀྱི་བསམ་གཞིགས་ཀྱི་སྒོ་མོ་ཇེ་ཆེ་ནས་ཇེ་ཆེ་རུ་འགྲོ་བཞིན་ཡོད། རྒྱས་བཤད་དང་དུངས་སེམས་མཚོན་པ། དགག་སྒྲུབ་བམ་དཔྱད་གླེང་གི་རྣམ་པའི་རྩོམ་ལུས་ཀྱང་ཉིན་རེའི་བཞིན་འཕེལ་རྒྱས་སུ་འགྲོ་བཞིན་པའི་གོམ་སྟབས་ཇེ་མྱུར་ནས་ཇེ་མགྱོགས་རེད། ཡིན་ནའང། དུས་ཡུན་རིང་པོ་ཞིག་གི་རིང་ལ་གསལ་བཤད་རྩོམ་ཡིག་གིས་རྩོམ་ཡིག་ཅེས་པའི་“ཁྱིམ་རྒྱུད་”འདིའི་ནང་དུ་མངོན་གསལ་དོད་པོའི་གོ་གནས་ཤིག་ཟིན་མེད། དེ་ལས་ཀྱང་སྣང་ཆུང་དུ་སོང་སྟེ་རྩོམ་ཡིག་འདིའི་ཁྱབ་ཁོངས་སུ་གཏོགས་པའི་རྩོམ་ཡིག་མང་པོ་ཞིག་རྩོམ་ཡིག་གཞན་གྱི་ཁྱབ་ཁོངས་སུ་བསྡུས་པའི་ནོར་འཛོལ་ཡང་བྱུང་མྱོང་འདུག
དེང་གི་དུས་སུ། གསལ་བཤད་རྩོམ་ཡིག་གི་གྲངས་འབོར་ནི་རྩོམ་ཡིག་གཞན་དག་ལས་ཡོངས་སུ་བརྒལ་ཡོད། ཆེ་ས་ནས་ལེའུ་དང་བམ་གྲངས་མང་པོའི་ཤེས་བྱ་ཀུན་འདུས་ཀྱི་གསུང་རབ་དང་ཆུང་ས་ནས་གང་ཡང་རུང་བའི་ཐོན་རྫས་ཆུང་ཆུང་ཞིག་ངོ་སྤྲོད་བྱེད་པ་ཚུན་གསལ་བཤད་རྩོམ་ཡིག་བེད་སྤྱད་དེ་བྲིས་པ་ཡིན། ལྷག་པར་དུ་སློབ་གྲྭའི་ཁོར་ཡུག་ནས་རྒྱུན་དུ་གསལ་བཤད་རྩོམ་ཡིག་གི་རིགས་མང་པོ་མཐོང་ཐུབ་སྟེ། སྦྱར་པང་དུ་སྦྱར་ཡོད་པའི་ཁྱབ་བསྒྲགས་རིགས་ཀྱི་ཡི་གེ་ཡོད་དོ་ཅོག་དང། དཔེ་མཛོད་ཁང་གི་དཔེ་གཡོར་སྒྲིག་སྲོལ་དང་རྒྱུན་དུ་བརྩི་སྲུང་བྱ་དགོས་པའི་སྒྲིག་གཞི། དེ་བཞིན་དགོངས་པ་ཞུ་སྟངས་ཀྱི་གཏན་འབེབས་ཕུད། ད་དུང་བོད་སྐད་ཡིག་གི་བསླབ་དེབ་གཅིག་པུ་ཙམ་མ་ཡིན་པར་རྩིས་དངོས་རྫས་གསུམ་གཙོ་བོར་གྱུར་པའི་སློབ་དེབ་ཏུ་འཁོད་པའི་སློབ་ཚན་མང་ཆེ་ཤོས་ཀྱང་གསལ་བཤད་རྩོམ་ཡིག་ཡིན། དེར་བརྟེན། གསལ་བཤད་རྩོམ་ཡིག་ཡག་པོ་ཞིག་འབྲི་ཤེས་ན་རྩིས་དངོས་རྫས་གསུམ་གཙོ་བོར་གྱུར་པའི་སློབ་ཚན་མང་པོ་ཞིག་ལ་གོ་བ་ཟབ་མོ་ལོན་པར་མ་ཟད། དེ་དང་འབྲེལ་ཡོད་ཀྱི་ཤེས་བྱ་གཞན་ལ་ངོ་སྤྲོད་བྱེད་པའི་རྩོམ་ཡིག་འབྲི་བ་ལའང་ལག་ཐོགས་མི་དགོས། འདི་ལས་ང་ཚོས་གསལ་བཤད་རྩོམ་ཡིག་དང་བོད་སྐད་ཡིག་གི་བསླབ་དེབ་གཅིག་པུ་མ་ཡིན་པར། སློབ་དེབ་དང་སློབ་དེབ་དབར་ནའང་འབྲེལ་བ་ཟབ་མོ་ཡོད་པ་མཐོང་ཐུབ།
ཁ་སང་དེ་རིང་སྟེ། གནའ་དེང་ཟུང་འབྲེལ་དང་ཤར་ནུབ་ཟུང་འབྲེལ་གྱི་ལྟ་བ་མངོན་འགྱུར་བྱེད་པ་དང་། གོ་ལ་ཁྱོན་ཡོངས་ཀྱི་ཚན་རྩལ་འཕེལ་རྒྱས་མགྱོགས་ཤིང་ཕྱོགས་ཡོངས་ནས་འགྲན་རྩོད་ཀྱི་གཡང་ཆེན་པོར་ལྷུང་བའི་དུས་རབས་འདིར། གསལ་བཤད་རྩོམ་ཡིག་དང་མིའི་བར་གྱི་འབྲེལ་བ་ནི་སྔར་ལས་ཀྱང་ཇེ་དམ་དུ་སོང་ཡོད། ལས་རིགས་ཅི་འདྲ་ཞིག་ཡིན་ཡང་གསལ་བཤད་རྩོམ་ཡིག་དང་ཁ་འབྲལ་ཐབས་མེད་ཅེས་བརྗོད་ཆོག། ལྷག་པར་དུ་ཐོན་སྐྱེད་གསར་སྐྲུན་བྱེད་པའི་བརྒྱུད་རིམ་ཁྲོད་གསལ་བཤད་རྩོམ་ཡིག་གི་སྤྱོད་སྒོ་ཧ་ཅང་རྒྱ་ཆེ།
དཔེ་བཞག་སྟེ་བཤད་ན། བཟོ་ལས་ཐོན་སྐྱེད་ཤིག་ལ་མཚོན་ན། བཟོ་སྐྲུན་འཆར་འགོད་སྣ་ཚོགས་དང་འཕྲུལ་ཆས་སྒྲིག་སྦྱོར། བཀོལ་སྤྱོད་བྱེད་ལུགས། ཐོན་སྐྱེད་ལག་རྩལ་སོགས་ཡོད་ཚད་ལ་ཡི་གེའི་གསལ་བཤད་ཡོད་པ་རེད། དཔེར་ན། ཆུ་ཚོད་འཁོར་ལོ་བཟོ་གྲྭས་ལག་འདོགས་ཆུ་ཚོད་འཁོར་ལོའི་རིགས་གསར་པ་ཞིག་བཟོ་དགོས་ན། ཐོག་མར་ངེས་པར་དུ་ཅུང་ཞིབ་ཚགས་ལྡན་པའི་འཆར་འགོད་དཔེ་རིས་དང་ལག་རྩལ་གསལ་བཤད་འབྲི་དགོས། དེའི་རྗེས་ནས་ད་གཟོད་དཔེ་དབྱིབས་དང་གསལ་བཤད་གཞིར་བཟུང་སྟེ་གསར་བཟོ་བྱས་ཆོག ཐོན་རྫས་གསར་དུ་བསྐྲུན་རྗེས། ད་དུང་འབྲེལ་ཡོད་ལག་འདོགས་ཆུ་ཚོད་འཁོར་ལོ་འདིའི་རིགས་བེད་སྤྱོད་ཚུལ་གྱི་གསལ་བཤད་ཡི་གེ་འབྲི་དགོས། འཛད་སྤྱོད་པར་ལག་འདོགས་ཆུ་ཚོད་འཁོར་ལོ་འདིའི་རིགས་ཀྱི་ངོ་བོ་དང་གྲུབ་ཆ། ཁྱད་ཆོས། དགེ་ཕན། བེད་སྤྱོད་ཚུལ་དང་བདག་ཉར་བྱེད་ཐབས་སོགས་གསལ་པོར་བཤད་དགོས། འདི་ཡོད་ཚད་གསལ་བཤད་རང་བཞིན་གྱི་རྩོམ་ཡིག་ཡིན། གསལ་བཤད་ཡི་གེ་འདི་དག་ཡག་པོ་ཞིག་བྲིས་ན། བཟོ་གྲྭས་ཆུ་ཚོད་གསར་བཟོ་དང་འཛད་སྤྱོད་པས་ཆུ་ཚོད་བེད་སྤྱོད་པ་ལ་ཕན་ཐོགས་རྒྱ་ཆེན་པོ་ཡོད་པ་རེད། གལ་སྲིད་འཆར་འགོད་དཔེ་དབྱིབས་དང་ལག་རྩལ་གསལ་བཤད་མེད་ན། བཟོ་གྲྭས་ཐོན་སྐྱེད་བྱེད་ཐབས་བྲལ། དེ་དང་འདྲ་བར་བེད་སྤྱོད་ཚུལ་དང་བདག་ཉར་བྱེད་ཚུལ་གྱི་གསལ་བཤད་མེད་ན། འཛད་སྤྱོད་པར་གྱོང་གུན་དང་དཀའ་ངལ་མི་ཉུང་བ་ཞིག་སྤྲོད་སྲིད།
དེ་དང་འདྲ་བར་ཞིང་ལས་ཐོན་སྐྱེད་ལ་མཚོན་ནས་བཤད་ན། ཞིང་ལས་ཐོན་སྐྱེད་སྣ་ཚོགས་ཀྱི་ཤེས་བྱ། དཔེར་ན། རྩི་ཤིང་དང་ལོ་ཏོག་སྣ་ཚོགས་ཇི་ལྟར་འདེབས་འཛུགས་བྱེད་པ་དང། ཞིང་ལས་ཡོ་ཆས་ཇི་ལྟར་བེད་སྤྱོད་བྱེད་པ། ལུད་རྫས་ཇི་ལྟར་བེད་སྤྱོད་པ། ནད་འབུའི་གནོད་པ་ཇི་ལྟར་སྔོན་འགོག་བྱེད་པ། འོས་འཚམ་གྱི་སྒོ་ནས་ས་བོན་ཇི་ལྟར་འདེབས་པ་དང་ཆུ་གཏོང་བ། འབྲུ་རིགས་ཇི་ལྟར་གསོག་ཉར་བྱེད་པ་ལ་སོགས་པ་མཐའ་དག་ལ་གསལ་བཤད་ཀྱི་ཡི་གེ་འབྲི་དགོས་ངེས་རེད། གསལ་བཤད་ཡི་གེ་བྲིས་པ་ཁོ་ནས། མི་རྣམས་ལ་འདིའི་ཐད་ཀྱི་ཤེས་བྱ་གསལ་པོར་ངོ་སྤྲོད་ཐུབ་པས། གཞི་ནས་མི་རྣམས་ལ་སློབ་བདེ་པོ་དང་ཁྱབ་བདེ་པོ་ཡོང་གི་རེད།
ང་ཚོས་རྒྱུན་པར་གསལ་བཤད་རྩོམ་ཡིག་མང་པོ་མཐོང་ཐུབ་པ་ཙམ་མ་ཡིན་པར། ད་དུང་དངོས་སུ་ལག་འགུལ་ཏེ་གསལ་བཤད་རྩོམ་ཡིག་ཁ་ཤས་འབྲི་དགོས། དཔེར་ན། ལས་སྣེ་ཞིག་འཚོལ་ན། ཐོག་མར་སྙན་ཞུ་འབྲི་དགོས། རང་ཉིད་ཀྱི་སློབ་སྦྱོང་གི་བརྒྱུད་རིམ་དང། ཤེས་ཡོན་ཐོབ་ཐང། རུས་མིང་དང་ལོ་ཚད། བྱ་བ་འཚོལ་བའི་དམིགས་ཡུལ། ཞབས་ཞུའི་རྣམ་འགྱུར་སོགས་གསལ་པོར་ངོ་སྤྲོད་དགོས། དེ་ལྟར་བྲིས་པའི་སྙན་ཞུ་དེ་ཡང་དོན་དངོས་སུ་གསལ་བཤད་རྩོམ་ཡིག་ལས་མ་འདས་པ་རེད།
མདོར་ན། གསལ་བཤད་རྩོམ་ཡིག་དང་མིའི་རིགས་ཀྱི་ཐོན་སྐྱེད་འཚོ་བའི་བར་ལ་ཁ་འབྲལ་ཐབས་མེད་པའི་འབྲེལ་བ་ཟབ་མོ་ཡོད་པས། ད་ལྟ་གསལ་བཤད་རྩོམ་ཡིག་གིས་མིའི་རིགས་ཀྱི་སྤྱི་ཚོགས་འཚོ་བའི་ཁྲོད་གོ་གནས་གལ་ཆེན་བཟུང་ཡོད། མི་རྣམས་ཀྱིས་གསལ་བཤད་རྩོམ་ཡིག་ལ་བརྟེན་ནས་དུས་ཐོག་ཏུ་རྒྱལ་ཁབ་ཕྱི་ནང་གི་ཚན་རྩལ་གསར་པར་རྒྱུས་ལོན་དང་ཕྱོགས་ཡོངས་ཀྱི་གནས་ལུགས་གོ་ཐུབ་པ། ཤེས་བྱ་གོང་དུ་སྤེལ་བ། མཐོང་རྒྱ་བསྐྱེད་པ། ནུས་པ་མཐོར་འདེགས་བྱེད་པ། བྱ་བ་བསྒྲུབས་པ་སྔར་ལས་ཀྱང་བཟང་བར་འགྱུར།
གལ་སྲིད་གསལ་བཤད་རྩོམ་ཡིག་ལ་མཐོང་ཆེན་མ་བྱས་པར་གསལ་བཤད་རྩོམ་ཡིག་ཡག་པོ་ཞིག་མ་སྦྱངས་ན། བྱ་བར་ཤུགས་རྐྱེན་ཐེབས་པ་ཙམ་མ་ཡིན་པར། ལས་འཛོལ་ཚབས་ཆེན་བྱུང་ནས་གྱོང་གུད་ཆེན་པོ་ཕོག་སྲིད། དཔེར་ན། ལས་ཁུངས་ཁ་ཤས་ཀྱིས་བཀོལ་སྤྱོད་བྱེད་ལུགས་ལྟར་བྱ་བ་མ་བསྒྲུབས་པས་འཕྲུལ་ཆས་འཕྲོ་བརླག་ཏུ་བཏང་བ་དང། བཟོ་གྲྭས་བདེ་སྲུང་སྒྲིག་ལམ་དང་འགལ་ནས་བྱ་བ་བསྒྲུབས་པས་བཟོ་གྲྭ་སྒོ་བརྒྱབ་པ། སྙན་ཞུ་ཡག་པོ་ཞིག་འབྲི་མ་ཤེས་པས་ན་གཞོན་མང་པོར་འཐོབ་འོས་པའི་ལས་སྣེ་ཡང་མ་རེག་པ། སྨན་ཁང་དུ་གསལ་བཤད་ཡི་གེ་ལྟར་སྨན་ཁབ་མ་བརྒྱབ་པས་ཚེ་སྲོག་ལ་ཉེན་ཁ་བྱུང་བ་སོགས་ཀྱིས་ལྡོག་ཕྱོགས་ནས་གསལ་བཤད་རྩོམ་ཡིག་གི་གལ་ཆེའི་ཕན་ནུས་བདེན་དཔང་བྱས་པ་རེད།
ད་ལྟ། གཞི་རིམ་བར་མའི་བོད་སྐད་ཡིག་གི་སློབ་དེབ་ཏུའང་སློབ་མས་རྟོགས་འོས་པའི་ཇི་བཞིན་བརྗོད་པའི་རྩོམ་ཡིག་དང་གསལ་བཤད། དགག་སྒྲུབ་རྩོམ་ཡིག་གསུམ་གྱི་རྩོམ་ལུས་གསལ་པོར་གཏན་ལ་ཕབ་ཡོད། འདིའི་ཐད་ནས་བལྟས་ན་གནའ་དེང་ཟུང་འབྲེལ་གྱི་ཤེས་ཡོན་སྲིད་ཇུས་ཀྱི་གལ་ཆེའི་རང་བཞིན་ཚུར་སྣང་བྱས་ཡོད་པ་མ་ཟད། ཕྱོགས་གཞན་ནས་བཤད་ན། སྲིད་གཞུང་གིས་སྤྱོད་ཡོན་གཉིས་ལྡན་གྱི་མི་སྣ་གསོ་སྐྱོང་བྱེད་པའི་རེ་བའང་གསལ་བཤད་བྱས་ཡོད་ཅེས་བཤད་ཆོག དེར་བརྟེན་ང་ཚོས་ནན་ནན་ཏིག་ཏིག་གིས་གསལ་བཤད་རྩོམ་ཡིག་གི་འབྲེལ་ཡོད་ཤེས་བྱར་སློབ་སྦྱོང་བྱེད་དགོས། མང་དུ་ཀློག་པ་དང་མང་དུ་སྦྱོང་བ། འབད་བརྩོན་སྒོས་བྱ་དངོས་གསལ་བྱེད་ཀྱི་ནུས་པ་བྱང་དུ་འཇུག་དགོས། རང་ནུས་མཐོར་འདེགས་ཀྱིས་རང་ཉིད་དུས་རབས་ཀྱི་རེ་འདུན་དང་མི་རིགས་ཀྱི་དགོས་མཁོར་འཚམ་པའི་སྤྱོད་ཡོན་གཉིས་ལྡན་གྱི་འཇོན་ཐང་ཅན་དུ་གསོ་སྐྱོང་བྱེད་དགོས།
དུམ་ཚན་འདིར་གླེང་སློང་བའི་གཏམ་གྱི་ཚུལ་དུ་གསལ་བཤད་རྩོམ་ཡིག་གི་ཕན་ཡོན་སྐོར་དམིགས་སུ་བཟུང་ནས་བརྗོད་དོན་ནི། ཇི་སྲིད་ཕན་ཡོན་མ་སྨྲས་པར། །དེ་སྲིད་དུ་ནི་སུ་ཞིག་འཛིན་ཞེས་པའི་དགོངས་དོན་ལྟར། སྤྲོ་བའམ་དོན་གཉེར་གྱི་འདུན་པ་ཡོང་ཕྱིར་དགེ་མཚན་ནམ་ཕན་ཡོན་སྔོན་དུ་གླེངས་པ་ཡིན། དེས་ན། ཅི་ལྟ་བུ་ཞིག་ལ་གསལ་བཤད་རྩོམ་ཡིག་ཟེར་བ་དང་དེའི་རང་བཞིན་དང་རིགས་སམ་དབྱེ་བ་སོགས་ཇི་ལྟ་བུ་ཞིག་ཡིན་ནམ་ཞེ་ན། གཤམ་དུ་རིམ་པས་བརྗོད་ཆོག་པར་ཞུ།

༢ ཅི་ཞིག་ལ་གསལ་བཤད་རྩོམ་ཡིག་ཟེར།

“གསལ་བཤད”་ཅེས་པ་ནི། བྱ་དངོས་གང་ཡང་རུང་བ་ཞིག་གམ། ཡང་ན་འབྲེལ་ཡོད་བྱ་དངོས་འདིའི་རིགས་ཀྱི་གནས་ལུགས་མདོར་བསྡུས་དང་ཞིབ་གསལ་གྱིས་ངོ་སྤྲོད་པ་ལ་ཟེར། ཚང་མས་མཁྱེན་གསལ་ལྟར། རྒྱས་བཤད་དང་ཞིབ་འབྲི། དུངས་སེམས་སྟོན་པའམ་དུངས་བརྗོད། དགག་སྒྲུབ་བམ་དཔྱད་གླེང། གསལ་བཤད་ལ་སོགས་པ་སྐད་བརྡའི་མཚོན་ཚུལ་ཡིན། “གསལ་བཤད”་ནི་བྱ་དངོས་ཀྱི་གོ་དོན་(མཚན་ཉིད་དང་གྲུབ་ཆ། དབྱེ་བ་སོགས་)དང་རྣམ་པ་(ཆགས་གནས་དང་འགུལ་སྐྱོད་ཀྱི་རྣམ་པ)རྒྱས་བཤད་དང་། གནས་ལུགས་དབྱེ་ཞིབ་དང་རྒྱས་བཤད་ཀྱི་སྐད་བརྡའི་མཚོན་སྟངས་ཀྱི་རིགས་ཤིག་ཡིན།
མི་རྣམས་ཀྱི་བཟོ་ཞིང་འབྲོག་ལས་ཀྱི་ཐོན་སྐྱེད་དང། ཚན་རྩལ་ཞིབ་འཇུག་གི་བརྒྱུད་རིམ། དེ་བཞིན་སྤྱི་ཚོགས་ཀྱི་ལག་ལེན་བྱ་འགུལ་གཞན་དག་གི་ཁྲོད་ནས་རིང་ཐུང་གང་རུང་གི་དུས་རིམ་བརྒྱུད་པའི་མྱོང་བ་ལས། བྱ་དངོས་སྣ་ཚོགས་ལ་བརྟེན་ནས་རྗེས་དཔག་གི་རིག་པ་རྙེད། བྱ་དངོས་དེ་དག་གི་ཁྱད་ཆོས་དང་ངོ་བོ། ཆོས་ཉིད་རང་བཞིན་སོགས་ཤེས་རྟོགས་བྱུང། རྨང་གཞི་འདིའི་སྟེང་ནས། བྱ་དངོས་དག་གི་ཁྱད་ཆོས་སོགས་“གསལ་བཤད”ཀྱི་ཐབས་ལ་བརྟེན་ནས་རྩོམ་དུ་བཀོད་དེ་འགྲེལ་བརྗོད་གསལ་པོ་བྱས་ཏེ་ཕྱོགས་བསྡོམས་དང་དབྱེ་ཞིབ་བྱས། འདིའི་རིགས་ཀྱི་མིང་ལ་ད་གཟོད་གསལ་བཤད་རྩོམ་ཡིག་ཟེར།
“གསལ་བཤད་རྩོམ་ཡིག་”དང་“གསལ་བཤད”གཉིས་ལ་འབྲེལ་བ་ཟབ་མོ་ཡོད། ཡིན་ནའང། དེ་གཉིས་ཀྱི་གོ་དོན་གཏན་ནས་མི་འདྲ། གཅིག་ནི་རྩོམ་ལུས་ཀྱི་རིགས་ཤིག་ཡིན་ལ་ཅིག་ཤོས་ནི་སྐད་བརྡའི་མཚོན་སྟངས་ཤིག་ཡིན། འདི་གཉིས་མཉམ་བསྲེས་བྱེད་མི་རུང། “གསལ་བཤད”ཀྱི་མཚོན་ཚུལ་རྐྱང་པས་བྲིས་པའི་གསལ་བཤད་རྩོམ་ཡིག་གི་གྲངས་འབོར་མང་པོ་མེད། གསལ་བཤད་རྩོམ་ཡིག་མང་ཆེ་བར་“གསལ་བཤད”ཀྱི་མཚོན་ཚུལ་གཙོ་བོར་བཟུང་ནས་བྲིས་པའི་ཁྲོད་ན་རྒྱས་བཤད་དང་དཔྱད་གླེང་སོགས་ཀྱི་ཆ་མང་པོ་ཡོད། “གསལ་བཤད”ཀྱི་མཚོན་ཚུལ་གཙོ་བོར་འཛིན་དགོས་པ་ནི་གསལ་བཤད་རྩོམ་ཡིག་གི་རྩ་བའི་མཚོན་ཚུལ་ཞིག་ཡིན། དེར་བརྟེན། བརྗོད་བྱ་མཚོན་པ་ལ་“གསལ་བཤད”ཀྱི་མཚོན་ཚུལ་གཙོ་བོར་བཟུང་བའི་རྩོམ་ཡིག་ལ་གསལ་བཤད་རྩོམ་ཡིག་ཟེར།

༣ གསལ་བཤད་རྩོམ་ཡིག་གི་དབྱེ་བ།

གཞལ་བྱའི་ཡུལ་གྱི་བྱ་དངོས་ཚུར་སྣང་བྱེད་པ་ལ། གསལ་བཤད་རྩོམ་ཡིག་དང་རྩོམ་ཡིག་གཞན་དག་གཅིག་མཚུངས་ཡིན། གཞལ་བྱའི་ཡུལ་དུ་གྱུར་པའི་བྱ་དངོས་ལ་འདྲ་མིན་སྣ་ཚོགས་ཤིག་ཡོད། དེར་བརྟེན། དེ་དག་མཚོན་པར་བྱེད་པའི་གསལ་བཤད་རྩོམ་ཡིག་ལའང་དབྱེ་བ་མང་པོ་ཡོད། གསལ་བཤད་རྩོམ་ཡིག་འབྲི་སྦྱོང་བྱེད་པ་ལ། ཐོག་མར་གསལ་བཤད་རྩོམ་ཡིག་གི་དབྱེ་བ་ལ་རྒྱུས་ལོན་བྱ་དགོས། རྒྱུན་དུ་སྤྱོད་ཀྱིན་པའི་གསལ་བཤད་རྩོམ་ཡིག་ལ། ཚད་གཞི་མི་འདྲ་བ་གཞིར་བཟུང་ནས་རིགས་དང་དབྱེ་བ་མི་འདྲ་བར་དགར་ཆོག། གསལ་བཤད་བྱ་ཡུལ་གྱི་དབང་དུ་བྱས་ནས་དབྱེ་ན། གསལ་བཤད་རྩོམ་ཡིག་ནི་རིགས་ཆེན་པོ་གཉིས་སུ་དབྱེ་ཆོག

ཀ གདོས་བཅས་བྱ་དངོས་ཀྱི་གསལ་བཤད་རྩོམ་ཡིག

འདི་ནི་གཞལ་བྱའི་ཡུལ་དུ་གྱུར་པའི་བྱ་དངོས་ཀྱི་རྣམ་པའི་གསལ་བཤད་ཡིན་པས། ང་ཚོས་འདི་ལ་གདོས་བཅས་བྱ་དངོས་ཀྱི་གསལ་བཤད་རྩོམ་ཡིག་ཅེས་བརྗོད་པ་ཡིན། གདོས་བཅས་བྱ་དངོས་ཟེར་བ་ནི། ངེས་གཏན་གྱི་གཟུགས་དབྱིབས་གྲུབ་པ་ལ་ཟེར་བ་ཡིན། མི་རྣམས་ཀྱིས་ཚོར་བའི་དབང་པོ་བརྒྱུད་ནས་བྱེ་བྲག་གི་བྱ་དངོས་ཤེས་ཚོར་བྱུང་ཐུབ། འདིར་རང་བྱུང་ཁམས་ཀྱི་སྐྱེ་དངོས་དང་སྐྱེ་དངོས་མ་ཡིན་པ། དེ་བཞིན་མིའི་རིགས་ཀྱིས་བྱ་དངོས་འདི་དག་བེད་སྤྱད་དེ་གསར་སྐྲུན་བྱས་པའི་བཟོ་ཞིང་ལས་ཀྱི་ཐོན་རྫས་སྣ་ཚོགས་དང་འཛུགས་སྐྲུན་དངོས་པོ་ལ་སོགས་པ་འདུ་བ་ཡིན། ཆེ་ས་ནས་ཡངས་པའི་ཁམས་ཀྱི་འཇིག་རྟེན་དང། ཆུང་ས་ནས་ཕྲ་བའི་རྡུལ་ཕྲན་ཚུན་ཏེ། དཔེར་ན་རི་རྒྱུད། རྒྱུག་ཆུ། འཛུགས་སྐྲུན་དངོས་པོ། ལུས་རྩལ་ར་བ། ཐོན་རྫས་གསར་པ་ལ་སོགས་པ་གདོས་བཅས་བྱ་དངོས་ཀྱི་ཁོངས་སུ་འདུ་བ་ཡིན། བྱ་དངོས་འདིའི་རིགས་གསལ་བཤད་བྱེད་པའི་རྩོམ་ཡིག་ལ་གདོས་བཅས་བྱ་དངོས་ཀྱི་གསལ་བཤད་རྩོམ་ཡིག་ཟེར།
གདོས་བཅས་བྱ་དངོས་ཀྱི་གསལ་བཤད་རྩོམ་ཡིག་གིས་གསལ་བར་བཤད་པའི་ཁོངས་ཀྱི་ནང་དོན་དང་རྣམ་པ་གཉིས་ལས། བརྗོད་བྱའི་ཐད་ནས་བཤད་ན། བྱ་དངོས་ཀྱི་མིང་གི་གོ་དོན་དང། དབྱེ་བ་དང་ཁྱབ་ཁོངས། གྲུབ་ཆ་སོགས་འདུ་བ་དང། རྣམ་པའི་ཆ་ནས་གླེང་ན། འགྱུར་མེད་ཀྱི་རྣམ་པ་ལ་ཆགས་ཡུལ་དང་ཆགས་ཚུལ། ཚོན་མདོག་སོགས་འདུ་ཞིང། འགུལ་བཅས་ཀྱི་རྣམ་པ་ལ་ཁ་ཕྱོགས་དང་འགྱུར་ལྡོག འཚར་ལོངས། འཕེལ་རྒྱས། ཉམས་རྒུད་སོགས་འདུ་བ་རེད།

ཁ ལྐོག་གྱུར་གྱི་གནས་ལུགས་ཀྱི་གསལ་བཤད་རྩོམ་ཡིག

གནད་དོན་གྱི་ངོ་བོའམ་ཡང་ན་གནས་ལུགས་ཀྱི་ཆོས་ཉིད་གསལ་པོར་བཤད་པའི་རྩོམ་ཡིག་ལ་ལྐོག་གྱུར་གནས་ལུགས་ཀྱི་གསལ་བཤད་རྩོམ་ཡིག་ཟེར། ལྐོག་གྱུར་གྱི་གནས་ལུགས་ཟེར་བ་ནི། མི་རྣམས་ཀྱིས་མཐོང་མི་ཐུབ་པའམ་རེག་མི་ཐུབ་པའི་བྱ་དངོས་ནང་གནས་ཀྱི་གནས་ལུགས་ཏེ། དེའི་ཁོངས་སུ་བྱ་དངོས་ཀྱི་རྒྱུ་འབྲས་དང། འབྲེལ་བ། བྱེད་ཐབས། གོ་རིམ། རྩ་དོན་སོགས་འདུ་བ་ཡིན། དཔེར་ན། རླུང་ཆར་ཐོག་གློག་མཚོ་ཆུ་སོགས་གྲུབ་པའི་རྒྱུ་རྐྱེན་དང། ཐ་མག་འཐེན་པའི་ཚབས་ཆེའི་ཉེན་ཁ། གློག་འདྲེན་ཕྱེད་གཟུགས་སམ་ཕྱེད་རྫས་ཀྱི་བྱ་བའི་རྩ་དོན། སའི་གོ་ལའི་ཡུན་རིང་གི་འགྱུར་ལྡོག། མིའི་རིགས་ཀྱི་འཕེལ་འགྱུར་ལོ་རྒྱུས་སོགས་ལྐོག་གྱུར་གནས་ལུགས་ཀྱི་ཁོངས་སུ་གཏོགས་པ་རེད། ལྐོག་གྱུར་གྱི་གནས་ལུགས་གསལ་པོར་བཤད་པའི་རྩོམ་ཡིག་ལ། ད་གཟོད་ལྐོག་གྱུར་གནས་ལུགས་ཀྱི་གསལ་བཤད་རྩོམ་ཡིག་ཟེར། རྩོམ་ཡིག་འདིའི་རིགས་ཀྱིས་གཙོ་བོར་འབྲེལ་ཡོད་བྱ་དངོས་ཀྱི་གནས་ལུགས་ངོ་སྤྲོད་དང་འགྲེལ་བརྗོད་བྱེད་པ་རེད།
གོང་དུ་བརྗོད་པ་ནི་གསལ་བཤད་བྱ་ཡུལ་མི་འདྲ་བ་གཞིར་བཟུང་ནས་གསལ་བཤད་རྩོམ་ཡིག་རིགས་ཆེན་པོ་གཉིས་སུ་དགར་བ་ཡིན། ཡིན་ནའང་ང་ཚོས་ཤེས་དགོས་པ་ཞིག་ལ། གཞལ་བྱའི་ཡུལ་དུ་གྱུར་པའི་བྱ་དངོས་ནི་རྙོག་འཛིང་གི་རང་བཞིན་ཅན་ཞིག་ཡིན། བྱ་དངོས་ཞིབ་ཏུ་གསལ་བཤད་བྱེད་དུས། གསལ་བཤད་རྩོམ་ཡིག་གི་རིགས་མ་འདྲ་བ་དེ་གཉིས་མཉམ་དུའང་སྤྱོད་ཆོག་པ་རེད། ད་དུང་འབྲི་ཐབས་ཀྱི་སྒོ་ནས་དབྱེ་བ་འབྱེད་སྟངས་གཞན་ཡོད་པའང་ཤེས་དགོས། འདིར་ཡིག་ཚོགས་ལ་འཇིགས་ནས་མ་སྤྲོས་སོ། །

༤ གསལ་བཤད་རྩོམ་ཡིག་དང་རྩོམ་ཡིག་གཞན་གྱི་ཁྱད་པར།

ཀ) གསལ་བཤད་རྩོམ་ཡིག་དང་ཇི་བཞིན་བརྗོད་པའི་རྩོམ་ཡིག་བར་གྱི་ཁྱད་པར།

༡ རྩོམ་འབྲིའི་དམིགས་ཡུལ་མི་འདྲ།

ཇི་བཞིན་བརྗོད་པའི་རྩོམ་ཡིག་གི་དམིགས་ཡུལ་ནི་མི་སེམས་སྒུལ་བའི་བརྩེ་དུང། ཆབ་སྲིད་དང་བསམ་བློ། ཀུན་སྤྱོད། བསམ་ཚུལ་ལ་སོགས་པའི་ཕྱོགས་མང་པོ་ཞིག་ལ་རྒྱུས་ལོན་པར་བྱས་ཏེ་ཡིད་དུ་འོང་བའི་བརྩེ་དུང་ལ་མྱོང་རོལ་བྱེད་དུ་བཅུག་སྟེ་ཡིད་འགུལ་ཐེབས་སུ་འཇུག་རྒྱུ་དེ་ཡིན། གསལ་བཤད་རྩོམ་ཡིག་གི་དམིགས་ཡུལ་ནི་བྱ་དངོས་གང་ཞིག་ཇི་མ་ཇི་བཞིན་དུ་ངོ་སྤྲོད་རྒྱུ་དེ་ལས་མ་འདས།

༢ ནང་དོན་མི་འདྲ།

རྩོམ་ཡིག་གི་དམིགས་ཡུལ་མི་འདྲ་བས། རྩོམ་ཡིག་གི་ནང་དོན་ཡང་གཅིག་མཚུངས་ཡིན་མི་སྲིད། ཇི་བཞིན་བརྗོད་པའི་རྩོམ་ཡིག་གི་ནང་དོན་ནི་དངོས་ཡོད་འཚོ་བའི་ཁྲོད་ཀྱི་མི་སྣ་དང་དོན་དག་ཡིན། ཡིན་ནའང། གསལ་བཤད་རྩོམ་ཡིག་ནི་ཐད་ཀར་མི་སྣ་དང་དོན་དག་གསལ་བཤད་བྱེད་པ་ཡིན། ཕྱི་རོལ་ཡུལ་གྱི་བྱ་དངོས་ལ་ལད་འབྲི་དང་འགྲེལ་བརྗོད་བྱེད་པ་དང། མི་རྣམས་ལ་སྤྱི་ཚོགས་ཐོན་སྐྱེད་དང་ནམ་རྒྱུན་གྱི་འཚོ་བའི་དངོས་ཡོད་གཏན་འབེབས་དང་མཛུབ་སྟོན་བྱེད་པ་རེད།
ཇི་བཞིན་བརྗོད་པའི་རྩོམ་ཡིག་གིས་བྱ་དངོས་རྒྱས་བཤད་བྱེད་དུས། མི་དང་བྱ་བ། དངོས་པོ་བཅས་གང་ཞིག་འབྲི་ཡང། གཙོ་བོར་ཡོངས་སུ་རྫོགས་པས་བྱ་དངོས་ཅི་འདྲ་ཞིག་ཡིན་པ་ངོ་སྤྲོད་པ་དང། གསལ་བཤད་རྩོམ་ཡིག་གི་བྱ་དངོས་གསལ་བཤད་བྱ་དུས། བྱ་དངོས་ཅི་འདྲ་ཞིག་ཡིན་པ་ངོ་སྤྲོད་བྱས་པ་ཙམ་མིན་པར། ད་དུང་ཅིའི་ཕྱིར་འདི་ལྟར་ཡིན་པའང་ངོ་སྤྲོད་བྱེད་དགོས།

༣ འབྲི་ཐབས་མི་མཚུངས།

ཇི་བཞིན་བརྗོད་པའི་རྩོམ་ཡིག་གིས་རྒྱས་བཤད་དང་ཞིབ་འབྲི། དུངས་སེམས་མཚོན་ཐབས་གཙོ་བོར་བཟུང་ནས་གཟུགས་བརྙན་མཚོན་པར་བྱེད་པ་ཡིན། མི་སྣ་དང་བྱ་བ། ཡུལ་ལྗོངས་སོགས་རྒྱས་བཤད་དང་ཞིབ་འབྲིའི་ཐབས་ལ་བརྟེན་ནས་གཟུགས་སུ་བཀོད་དེ་རྩོམ་པ་པོའི་བསམ་བློའི་བརྩེ་དུང་མཚོན་པར་བྱེད་པ་ཡིན། རྩོམ་ཡིག་འདིའི་རིགས་ཀྱིས་རྟག་པར་དུངས་སེམས་ཀྱི་ཁ་དོག་ཅིག་ཁྱེར་ཡོང་བ་དང། རྩོམ་པ་པོའི་དགའ་སྐྱོ་ཆགས་སྡང་མཚོན་ཡོད་པས་བརྩེ་དུངས་ཀྱི་ཡིད་དབང་འཕྲོག་སྟེ་ཀློག་པ་པོར་སློབ་གསོ་སྤྲོད་ངེས། གསལ་བཤད་རྩོམ་ཡིག་ནི་དེ་ལྟར་མ་ཡིན་ཏེ། གསལ་བཤད་རྩོམ་ཡིག་གིས་དོན་དངོས་དང་མཐུན་པའི་ངོ་སྤྲོད་ཐབས་སྤྱོད་པ་ཡིན། དེ་ཡིས་གསལ་བཤད་ཀྱི་མཚོན་ཐབས་གཙོ་བོར་བཟུང་ཡོད། བྱ་དངོས་ལ་དབྱེ་འབྱེད་ཞིབ་ཅིང་གོ་རིམ་ཡོད་པ། གནད་ལ་འཕིགས་པའི་སྒོ་ནས་ཁྱད་ཆོས་མཚོན་པ། ངོ་བོར་དབྱེ་ཞིབ་བྱེད་པ་རེད། གསལ་བཤད་རྩོམ་ཡིག་གིས་སྤྱིར་བཏང་དུ་བྱ་དངོས་ལ་ཞིབ་བརྗོད་དང་དགག་སྒྲུབ་བམ་དཔྱད་གླེང་གི་རིགས་མི་བྱེད།
གསལ་བཤད་རྩོམ་ཡིག་གིས་ཀྱང་སྐབས་འགར་རྒྱས་བཤད་དང་ཞིབ་འབྲི། དཔྱད་གླེང་གི་མཚོན་ཐབས་ལོས་སྤྱོད། ཡིན་ནའང། འདི་དག་ཡོད་ཚད་ཞོར་འདེགས་ཀྱི་མཚོན་ཐབས་ཙམ་ཡིན་པ་ལས་མཚོན་ཐབས་གཙོ་བོ་མིན། མི་ཁ་ཤས་ཀྱིས་ཇི་བཞིན་བརྗོད་པའི་རྩོམ་ཡིག་ནི་གཟུགས་བརྙན་ལ་བརྟེན་ནས་མིའི་ཡིད་དབང་འཕྲོག་ཅིང། གསལ་བཤད་རྩོམ་ཡིག་ནི་ཤེས་བྱ་ལ་བརྟེན་ནས་མི་ལ་བློ་སྒོ་འབྱེད་ཟེར། སྐད་ཆ་འདི་ནི་ཅི་འདྲའི་གནས་ལུགས་ཀྱིས་ཕྱུག་པ་ལ་ཨང།
སློབ་གྲོགས་ཁ་ཤས་ཀྱིས། གཅིག་ནི་དོན་དངོས་ངོ་སྤྲོད་དང། ཅིག་ཤོས་ནི་གཟུགས་བརྙན་མཚོན་པར་བྱེད་པ་རེད།“དོན་དངོས”་དང་“རྣམ་པ་” གཉིས་ཕལ་ཆེར་འདྲ་པོ་མིན་ནམ་ཞེ་ན། གཏན་ནས་མི་འདྲའོ། །རྣམ་པའི་དམིགས་ཡུལ་ནི་གསོན་ཉམས་ལྡན་ཞིང་ཡིད་དབང་འཕྲོག་པར་བྱེད་རྒྱུ་དེ་ཡིན་ལ། དོན་དངོས་ཞེས་པས་ཚན་རིག་རང་བཞིན་དང། གནད་ལ་འཕིགས་པ་ཡིན་དགོས་པར་མ་ཟད། སྐབས་ལ་ལར་གཞི་འཛིན་སའི་གྲངས་ཀ་ཡང་དགོས་པ་རེད།

ཁ) གསལ་བཤད་རྩོམ་ཡིག་དང་དགག་སྒྲུབ་རྩོམ་ཡིག་གི་ཁྱད་པར།

གོང་དུ་ང་ཚོས་གསལ་བཤད་རྩོམ་ཡིག་དང་ཇི་བཞིན་བརྗོད་པའི་རྩོམ་ཡིག་བར་གྱི་ཁྱད་པར་བཤད་ཟིན། དེས་ན། གསལ་བཤད་རྩོམ་ཡིག་དང་དགག་སྒྲུབ་རྩོམ་ཡིག་གཉིས་བར་ལ་ཁྱད་པར་ཅི་ཞིག་ཡོད་ཅེ་ན། གསལ་བཤད་རྩོམ་ཡིག་དང་དགག་སྒྲུབ་རྩོམ་ཡིག་གཉིས་ལ་གཤམ་གྱི་ཁྱད་པར་དག་ཡོད་དེ།

༡ རྩོམ་འབྲིའི་དམིགས་ཡུལ་མི་མཚུངས།

དགག་སྒྲུབ་རྩོམ་ཡིག་གི་དམིགས་ཡུལ་ནི་གནས་ལུགས་མི་ལ་ཤེས་སུ་བཅུག་སྟེ་མིའི་བསམ་གཞིགས་ཀྱི་ནུས་པ་གོང་མཐོར་བཏང་ནས་སྤྱི་ཚོགས་དང་རང་བྱུང་ཤེས་བྱའི་ཆུ་ཚད་གོང་དུ་སྤེལ་ཏེ་ཤེས་ཡོན་གྱི་ཚད་གཞི་གསར་པ་ཞིག་ཏུ་སླེབས་པར་བྱ་རྒྱུ་དེ་ཡིན།

༢ ནང་དོན་མི་འདྲ།

དགག་སྒྲུབ་རྩོམ་ཡིག་ནི་གནས་ལུགས་གསལ་བཤད་བྱ་རྒྱུ་དེ་ཡིན། དགག་སྒྲུབ་རྩོམ་ཡིག་གིས་ངེས་པར་དུ་དགག་སྒྲུབ་བྱས་པའི་བྱ་དངོས་ཡོད་ཚད་ཀྱིས་རང་གི་འདོད་པ་གསལ་པོར་མཚོན་དགོས། བསྟོད་བསྔགས་ཡིན་ནའང་འདྲ། དགག་པ་ཡིན་ཡང་ཆོག ཡོདཚད་ཀྱིས་རང་གི་ལྟ་ཚུལ་གསལ་པོར་མཚོན་དགོས། གསལ་བཤད་རྩོམ་ཡིག་ནི་སྤྱིར་བཏང་དུ་བྱ་དངོས་ཀྱི་ངོ་སྤྲོད་དང་འགྲེལ་བརྗོད་ཡིན། བྱ་དངོས་གསལ་བཤད་བྱེད་སྐབས། རྒྱུན་ལྡན་དུ་དོན་སྙིང་ཅི་ཡིན་མི་མཚོན་པ་དང་ཐད་ཀར་རང་ཉིད་ཀྱི་ལྟ་ཚུལ་སྟོན་པ་ཡང་མིན་ནོ། །

༣ འབྲི་ཐབས་མི་གཅིག

དགག་སྒྲུབ་རྩོམ་ཡིག་གི་འབྲི་ཐབས་ཀྱི་སྟེང་ནས་བཤད་ན་གཏན་ཚིགས་རིག་པས་སྒྲུབ་ཐབས་མང་ཙམ་སྤྱོད་པ་ཡིན། དགག་སྒྲུབ་རྩོམ་ཡིག་གི་གཙོ་བོར་གོ་དོན་དང་བརྡར་གཅོད། རིགས་འདེད་ཀྱི་གཏན་ཚིགས་རྣམ་པ། སྒྲུབ་བྱེད་འགོད་པ། རྒྱུ་ཆ་བེད་སྤྱོད། རིགས་པས་ཁུངས་སྐྱེལ། སྡོམ་ཚིག་འགོད་པ་སོགས་ཀྱི་ཐབས་ལ་བརྟེན་ནས་ལྟ་ཚུལ་ལམ་འདོད་ཚུལ་སྒྲུབ་པ་ཡིན། གསལ་བཤད་རྩོམ་ཡིག་གིས་གཙོ་བོར་གསལ་བཤད་ཀྱི་ཐབས་ལམ་ལ་བརྟེན་ནས་བྱ་དངོས་ལ་གོ་རིམ་ལྡན་པའི་སྒོ་ནས་དབྱེ་ཞིབ་བྱས་ཏེ་བྱ་དངོས་ཀྱི་ཁྱད་ཆོས་དང་ངོ་བོ་གསལ་བོར་སྟོན་པ་རེད། གསལ་བཤད་རྩོམ་ཡིག་གིས་བྱ་དངོས་གླེང་དུས། བྱ་དངོས་ལ་བདེན་དཔང་བྱེད་མི་དགོས། སྤྱིར་བཏང་གི་གནས་ཚུལ་འོག་ནས། བྱ་དངོས་ལ་དཔྱད་གླེང་ཡང་བྱེད་མི་དགོས། སྐབས་ལ་ལར་དཔྱད་གླེང་གི་ཐབས་ལམ་སྤྱོད་པ་ཡིན་མོད། འོན་ཀྱང་དེ་ནི་བྱ་དངོས་གསལ་བཤད་བྱེད་པའི་ཞོར་འདེགས་ཀྱི་ཐབས་ཤེས་ཤིག་ཡིན།

༥ གསལ་བཤད་རྩོམ་ཡིག་དང་རྒྱུན་སྤྱོད་ཡིག་རིགས་བར་གྱི་འབྲེལ་བ།

ནམ་རྒྱུན་གྱི་འཚོ་བའི་ཁྲོད་ནས་རྟག་པར་རྒྱུན་སྤྱོད་ཡིག་རིགས་དང་འདྲ་ལ། ཡང་གསལ་བཤད་རྩོམ་ཡིག་ཡིན་པ་ལྟ་བུའི་རྩོམ་ཡིག་མང་པོ་མཐོང་ཐུབ། འདི་གཉིས་ཀྱི་དབྱེ་བ་གསལ་པོར་འབྱེད་དཀའ། དོན་དངོས་སུ་གསལ་བཤད་རྩོམ་ཡིག་དང་རྒྱུན་སྤྱོད་ཡིག་རིགས་ཀྱི་ཁྱད་པར་ཅི་ཡིན་ནམ། དྲི་བ་འདིར་ལན་ལྡོན་ཕྱིར། ཐོག་མར་ངེས་པར་དུ་རྒྱུན་སྤྱོད་ཡིག་རིགས་སྐོར་གྱི་ཤེས་བྱར་རྒྱུས་ལོན་ཞིག་བྱ།
རྒྱུན་སྤྱོད་རྩོམ་ཡིག་ཀྱི་རིགས་ནི་ང་ཚོའི་སློབ་སྦྱོང་དང་འཚོ་བ། བྱ་བ་བཅས་ཀྱི་ཁྲོད་ནས་རྒྱུན་པར་བེད་སྤྱོད་ཀྱིན་ཡོད་པར་མ་ཟད། དེ་ནི་སྤྱིར་བཏང་རྒྱུན་སྤྱོད་རྣམ་བཞག་གི་རྩོམ་ལུས་ཤིག་ཡིན། དེ་ནི་མི་རྣམས་ཀྱི་ཐོན་སྐྱེད་དང་འཚོ་བ། སློབ་སྦྱོང་དང་བྱ་བའི་ཁྲོད་ནས་མེད་དུ་མི་རུང་བའི་རྩོམ་ལུས་ཀྱི་རིགས་ཤིག་ཡིན། རྩོམ་ལུས་འདིའི་རིགས་དང་གསལ་བཤད་རྩོམ་ཡིག་བར་གྱི་ཁྱད་པར་ནི། གསལ་བཤད་རྩོམ་ཡིག་གིས་ངོ་སྤྲོད་བྱེད་པ་གཙིགས་སུ་བཟུང་ནས་མི་ལ་རྒྱུས་ཡོད་པར་བྱེད་པ་ཡིན། རྒྱུན་སྤྱོད་རྩོམ་ཡིག་གིས་བེད་སྤྱོད་གཙིགས་སུ་བཟུང་ནས་མི་ལ་བཀོལ་ཤེས་པར་བྱེད་པ་ཡིན། གསལ་བཤད་རྩོམ་ཡིག་ལ་གཏན་ཁེལ་གྱི་རྣམ་བཞག་མེད། འོན་ཀྱང། རྒྱུན་སྤྱོད་རྩོམ་ཡིག་ལ་གོམས་འདྲིས་ཐད་ཀྱི་རྣམ་བཞག་ཡོད་པ་རེད། ཆབ་སྲིད་ཕྱོགས་ཁག་གི་ལས་ཁུངས་སམ། རྒྱལ་ཁབ་ཀྱི་ཚོགས་པ་ཁག་དབར་ཡུལ་མིའི་ལས་དོན་ཐག་གཅོད་དང། བྱ་བའི་མཛུབ་སྟོན་གྱི་ཡིག་ཆ། ཡང་ན། མི་རྣམས་ཀྱི་རྒྱུན་ལྡན་གྱི་འཚོ་བའི་ཁྲོད་དམ་ཐོན་སྐྱེད་ཁྲོད་ནས་བསམ་བློ་མཚོན་པ་དང། བསམ་ཚུལ་བརྗེ་རེས། གནས་ཚུལ་སྤེལ་རེས་བྱེད་པར་འབྲི་ཀྱིན་པའི་རྩོམ་ཡིག་མཐའ་དག་ཡིན། སྤྱིར་བཏང་དེ་དག་ལ་གཏན་ཁེལ་གྱི་རྣམ་བཞག་ཡོད་པ་ཡིན། གོང་རིམ་ནས་གཞི་རིམ་ལ་བཀའ་བསྒྲགས་པ། མཛུབ་སྟོན། བརྡ་ཁྱབ། ཡོངས་ཁྱབ་ཀྱི་བསྒྲགས་གཏམ། གཞི་རིམ་ནས་གོང་རིམ་ལ་ཕུལ་བའི་སྙན་ཞུ། བྱ་བའི་འཆར་འགོད། གནས་ཚུལ་ཡར་ཞུ། ཉམས་མྱོང་ཕྱོགས་བསྡོམས། མི་རྣམས་ཀྱིས་རྒྱུན་དུ་འབྲི་བཞིན་པའི་ཉིན་ཐོ། འཕྲིན་ཡིག གྲོས་ཚོགས་ཟིན་བྲིས། ཐ་ན་ངོ་སྤྲོད་ཡི་གེ་དང་བདེན་དཔང་ཡི་གེ་སོགས་རྒྱུན་སྤྱོད་རྩོམ་ཡིག་ཡིན། དེ་ཚང་མ་རྒྱུན་སྤྱོད་རྣམ་བཞག་གཞིར་བཟུང་ནས་འབྲི་དགོས་པ་ཡིན། རྒྱུན་སྤྱོད་ཀྱི་རྣམ་བཞག་གཞིར་བཟུང་ནས་མ་བྲིས་ན་རྒྱུན་སྤྱོད་རྩོམ་ཡིག་གི་བཟོ་ལྟ་མི་ཡོང།

ཡིན་ནའང། གསལ་བཤད་རྩོམ་ཡིག་དང་རྒྱུན་སྤྱོད་རྩོམ་ཡིག་ལ་ཡང་མཉམ་བསྲེས་ཀྱི་སྣང་ཚུལ་ཡོད་པ་རེད། གནས་ཚུལ་མང་པོ་ཞིག་གི་འོག་ནས་རྒྱུན་སྤྱོད་རྩོམ་ཡིག་འབྲི་བར་གསལ་བཤད་ཀྱི་མཚོན་ཚུལ་བེད་སྤྱོད་པ་ཡིན། ཐ་ན་སྐབས་རེར་རྒྱུན་སྤྱོད་རྩོམ་ཡིག་འཐུས་ཚང་ཞིག་ཡིན་ན་གསལ་བཤད་རྩོམ་ཡིག་ཡག་པོ་ཞིག་ཀྱང་ཡིན། དཔེར་ན།

དཔེ་ཆ་གཡོར་བའི་སྒྲིག་སྲོལ།
༡. དཔེ་ཆ་གཡོར་བྱེད་ཀྱི་ལག་འཁྱེར་ལ་བརྟེན་ནས་དཔེ་ཆ་གཡར་ཆོག།
༢. དཔེ་ཆ་གཡོར་བྱེད་ཀྱི་ལག་འཁྱེར་མི་རང་ཉིད་ཁོ་ནས་བེད་སྤྱོད་དགོས་པ་ལས་གཞན་པས་བཀོལ་མི་ཆོག།བོར་བརླག་བྱུང་ཚེ་འཕྲལ་དུ་ཡར་ཞུ་བྱེད་དགོས། སློབ་སྟོན་ཁང་གིས་ཆོག་མཆན་ཐོབ་རྗེས་བསྐྱར་དུ་དཔེ་དེབ་གཡོར་བྱེད་ཀྱི་ལག་འཁྱེར་གསར་པ་ཞིག་བཟོས་ཆོག།
༣. ཐེངས་གཅིག་དེབ་གཅིག་མ་གཏོགས་གཡར་མི་ཆོག།དུས་ཡུན་ཟླ་བ་གཅིག་གི་ནང་ཕྱིར་སློག་དགོས།
༤. དཔེ་དེབ་ལ་བདག་གཅེས་བྱེད་དགོས། དཔེ་དེབ་ཅི་ཞིག་གཡར་ཡང། ནག་ནོག་བཟོ་བའམ། ལྟེབ་རིལ་བྱེད་པ། ཤོག་བུ་གཤག་པ་བཅས་བྱེད་མི་ཆོག གལ་སྲིད་བོར་སྟོར་བྱུང་ཚེ་མ་གོང་ལྟར་སྐྱིན་ཚབ་འཇལ་དགོས།
༥. གོང་འཁོད་ཐག་གཅོད་དང་འགལ་མཁན་ལ་དཔེ་དེབ་གཡར་མི་དགོས།

དཔེ་མཛོད་ཁང་ནས།
༢༠༡༣།༤།༡ ལ་གཏན་འབེབས་བྱས།

འདི་ནི་དཔེ་དེབ་གཡོར་བའི་སྒྲིག་སྲོལ་ཞིག་ཡིན། གོ་རིམ་ལྟར་དཔེ་དེབ་གཡོར་བའི་དུས་ཡུན་དང་གྲངས་འབོར། དུས་བཀག འགྲོ་ལུགས། བོར་སྟོར་ཁ་གསབ། བོར་སྟོར་སམ་འཕྲོ་བརླག་ཏུ་བཏང་ན་ཐག་གཅོད་བྱེད་ཐབས་སོགས་གསལ་བཤད་བྱས་ཡོད། འདི་དག་ནི་སྤྱིར་བཏང་དུ་སྟབས་བདེའི་དོན་ཚན་འགའ་ཡིན། འོན་ཀྱང། ཕྱོགས་གཅིག་ཏུ་བསྡོམས་ནས་དེའི་སྟེང་ཁ་བྱང་དང་མིང་རྟགས་བཀོད་ཚེ། དངོས་ཕན་གྱི་རིན་ཐང་ལྡན་པའི་རྒྱུན་སྤྱོད་རྩོམ་ཡིག་ཏུ་གྱུར་པ་རེད། ཡང་དེ་ཡིས་དཔེ་དེབ་གཡོར་ཕྱོགས་ཐད་ཀྱི་སྒྲིག་སྲོལ་གསལ་བཤད་ཡག་པོ་བྱས་ཡོད་པས། དེ་ནི་གསལ་བཤད་རྩོམ་ཡིག་ཡག་པོ་ཞིག་ཀྱང་ཡིན།

༦ རྒྱུན་མཐོང་གསལ་བཤད་རྩོམ་ཡིག་གི་འབྲི་ཐབས།

༡ རང་བྱུང་ཤེས་བྱ་འབྲི་ཐབས།
༢ ས་རྒྱུས་ཤེས་བྱ་འབྲི་ཐབས།
༣ ཡུལ་སྲོལ་གོམས་འདྲིས་འབྲི་ཐབས།
༤ འཚོ་བའི་རྒྱུན་ཤེས་འབྲི་ཐབས།
༥ སྐྱེ་དངོས་འབྲི་ཐབས།
༦ སྲོག་ཆགས་འབྲི་ཐབས།
༧ ཚན་རྩལ་ཤེས་བྱ་འབྲི་ཐབས།
༨ མི་སྣ་འབྲི་ཐབས།
༩ དཔེ་དེབ་འབྲི་ཐབས།
༡༠ འཛུགས་སྐྲུན་དངོས་པོ་འབྲི་ཐབས།
༡༡ ཡུལ་སྐོར་ལྗོངས་རྒྱུའི་སྐོར་འབྲི་ཐབས།
༡༢ འགྲེམས་སྟོན་གྱི་སྐོར་འབྲི་ཐབས།
༡༣ ཐོན་རྫས་འབྲི་ཐབས།
༡༤ འཕྲུལ་ཆས་འབྲི་ཐབས།
༡༥ ཚོད་ལྟའི་སྙན་ཞུ་འབྲི་ཐབས།
༡༦ སྒྲིག་སྲོལ་ལམ་ལུགས་འབྲི་ཐབས་བཅས་བཅུ་དྲུག་པོ་འདི་ནི་རྒྱུན་ལྡན་གྱི་འཚོ་བའི་ཁྲོད་ནས་བཀོལ་སྤྱོད་ཀྱི་ཆ་མང་བའི་རིགས་ཡིན། འཇིག་རྟེན་གྱི་བྱ་དངོས་ཉིན་རེ་བཞིན་འཕེལ་རྒྱས་འགྲོ་བཞིན་ཡོད། དེ་དག་མཚོན་པར་བྱེད་པའི་གསལ་བཤད་རྩོམ་ཡིག་གི་འབྲི་ཐབས་ཀྱང་དགོས་མཁོ་དང་བསྟུན་ནས་འཕེལ་རྒྱས་སུ་བཏང་ཆོག་པས། རྣམ་པ་གཅིག་ཏུ་ན་གསལ་བཤད་རྩོམ་ཡིག་གི་འབྲི་ཐབས་ལ་འདི་ཙམ་ལས་མེད་ཅེས་བརྗོད་མི་ཐུབ། འདིར་ཡིག་ཚོགས་ལ་འཇིགས་ནས་གོང་འཁོད་འབྲི་ཐབས་དག་གི་དཔེ་བརྗོད་བཀོད་མེད། སྐབས་གཞན་དུ་དཔེ་བརྗོད་ཁོ་ན་འཁོད་པའི་དེབ་ཅིག་སྒྲིག་འཆར་ལགས་ན། པར་སྐྲུན་བྱེད་ཐུབ་པ་བྱུང་ཚེ་དེར་གཟིགས་ན་འཐུས།

༧ གསལ་བཤད་ཀྱི་ཐབས།

༡ ངོ་སྤྲོད་མཚམས་སྦྱོར་གྱི་ཐབས།
༢ ངེས་ཚིག་འདྲེན་པའི་ཐབས།
༣ ཞིབ་འགྲེལ་རྒྱག་པའི་ཐབས།
༤ རིགས་དགར་བའི་ཐབས།
༥ དཔེ་འདྲེན་པའི་ཐབས།
༦ གཤིབ་སྡུར་བྱེད་པའི་ཐབས།
༧ གྲངས་དང་རེའུ་མིག་འགོད་པའི་ཐབས།
༨ ལུང་འདྲེན་པའི་ཐབས་བཅས་ཡོད།