ཤེས་ཡོན་སློབ་སྦྱོང་ནི་ཡ་རབས་བཟང་སྤྱོད་དང་ཁ་འབྲལ་ཐབས་མེད་སྟབས། གཞི་རིམ་སློབ་གྲྭའི་བསླབ་གཞི་ཡོངས་རྫོགས་ནང༌། ཡ་རབས་བཟང་སྤྱོད་ཀྱི་ནང་དོན་ནི་ངེས་པར་བསླབ་གཞི་སོ་སོའི་སྙིང་དོན་དུ་འཛིན་དགོས།
གཞན་ཡང༌། བོད་ཀྱི་ཆོས་ལུགས་ལས་བྱུང་བའི་ཡ་རབས་བཟང་སྤྱོད་སྟོན་པའི་གཞུང་དང༌། ཆོས་མཐུན་གྱི་གཏམ་རྒྱུད། ལུགས་ཀྱི་བསྟན་བཅོས། གནའ་དེང་གི་སྐྱེས་བུ་དམ་པའི་རྣམ་ཐར་དང་ལོ་རྒྱུས་སོགས་ཀྱང་འབྲེལ་ཡོད་རིག་ཚན་ཅི་རིགས་པའི་བསླབ་གཞི་དངོས་སམ། ཟུར་བལྟའི་བསླབ་གཞིའི་ཁོངས་སུ་སྐབས་འབྲེལ་འཇོག་དགོས།
ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་སྤྱི་དང༌། ཁྱད་པར་གཞི་རིམ་གོང་འོག་བར་གསུམ་གྱི་བསླབ་གཞིའི་རྩ་འཛིན་ལས་བྱུང་བའི་སློབ་ཁྲིད་འཆར་གཞི་དང༌། སློབ་དེབ། སློབ་ཁྲིད་ཀྱི་གཞོགས་འདེགས་རྒྱུ་ཆ་སོགས་འབྲེལ་ཡོད་སློབ་གྲྭ་དང༌། ཚོགས་སྡེ། དགེ་རྒན། ཁྱད་ལས་པ་སོགས་མཉམ་ཞུགས་ཀྱིས་འདོན་སྤེལ་དང་བཀོལ་སྤྱོད་བྱ་བར་དགའ་བསུ་དང་མཐུན་རྐྱེན་གང་ཐུབ་སྦྱོར་སྤྲོད་བྱ་རྒྱུ།